སྨན་བླའི་མདོ་ཆོག་བཞུགས་སོ།

༄༅། །ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ། ཆོས་ཀྱི་ཕུང་བོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། བཅོམ་ལྡན་འདས་སྨན་གྱི་བླ་བདེ་བར་གཤེགས་པ་མཆེད་བརྒྱད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་བདུན་ནམ་གསུམ་སོགས་ཅི་རིགས་པ་བརྗོད། སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་སྨན་གྱི་བླ་བདེ་བར་གཤེགས་པ་མཆེད་བརྒྱད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ཐུགས་དམ་བསྐུལ་བ་ལ་སོགས་པའི་ལམ་གྱི་རིམ་པ་ལ་གནས་པར་བྱའོ། །དེ་ཁོ་ན་ཉིད་ཀྱི་ངང་ནས་ཚད་མེད་བསྒོམ་པ་ནི། བདག་དང་སྣང་བ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བྱ། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་བྱ། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་བྱ། བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་བྱའོ། །

༈མཆོག་བདེན་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །ཚོགས་གཉིས་མངའ་ཐང་ཆོས་དབྱིངས་དག་པའི་མཐུས། །ཞིང་འདི་བདེ་བ་ཅན་ལྟར་སྣོད་བཅུད་ཀྱི། །སྲིད་ཞིའི་ཕུན་ཚོགས་འདོད་དགུས་འབྱོར་གྱུར་ཅིག།རིན་ཆེན་ས་གཞི་ལྗོན་ཤིང་ཆུ་མཚོས་བརྒྱན། །གསེར་དངུལ་མུ་ཏིག་བྱེ་མ་སྦྲམ་བུར་བདལ། །མེ་ཏོག་གཅལ་བཀྲམ་ཙན་ཏན་དྲི་བསུང་ལྡང་། །ལྷ་མིའི་ལོངས་སྤྱོད་ཀུན་བཟང་མཆོད་པས་ཁྱབ། །དེར་ནི་ཡིད་འོང་ནོར་བུའི་ཕོ་བྲང་དབུས། །པདྨ་སེང་ཁྲིར་རྒྱལ་བ་སྲས་བཅས་རྣམས། ། བཞུགས་ནས་གཟུངས་རིག་མོས་སྟོབས་ཀྱིས་བསྐྲུན་པའི། །མཆོད་སྤྲིན་རྒྱ་མཚོས་གང་ཞིང་སྤྱོད་གྱུར་ཅིག །སྙིགས་མའི་མགོན་པོ་བརྩེ་ལྡན་བདེ་གཤེགས་བདུན། །ཐུབ་དབང་དམ་ཆོས་བྱང་སེམས་བཀའ་སྡོད་བཅས། །བདག་སོགས་སྐྱོབ་ཕྱིར་མགོན་སྐྱབས་དཔུང་གཉེན་དུ། །སྤྱན་འདྲེན་འདིར་གཤེགས་གདན་འཛོམ་བྱིན་རླབས་མཛོད། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང་། །ཤཱཀྱའི་རྒྱལ་པོ་འཇམ་དབྱངས་ཞི་འཚོ་སོགས། །ཟབ་མོའི་མདོ་འདི་ཕྱག་མཚན་བཞེས་པ་ཡི། །དངོས་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཉམ་ཐག་འགྲོ་རྣམས་སྒྲོལ་བའི་ཐུགས་རྗེ་ཅན། །བདེ་གཤེགས་བདུན་དང་ཐུབ་དབང་དམ་པའི་ཆོས། །འཇམ་དཔལ་སྐྱབས་གྲོལ་གསང་བདག་ཚངས་དབང་དང་། །རྒྱལ་ཆེན་གནོད་སྦྱིན་རྣམས་ལ་ཕྱག་འཚལ་ལོ། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །བཅོམ་ལྡན་གདན་འཛོམ་ཆེན་པོ་དགོངས་སུ་གསོལ། །བདེ་གཤེགས་བདུན་གྱི་སྔོན་གྱི་སྨོན་ལམ་དག །ཤཱཀྱའི་བསྟན་པ་ལྔ་བརྒྱའི་ཐ་མ་ལ། །འགྲུབ་པར་འགྱུར་བ་ཞལ་གྱིས་བཞེས་པ་བཞིན། །བདག་ལ་བདེན་པ་མངོན་སུམ་བསྟན་དུ་གསོལ། །

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། ཞེས་ལན་བདུན་བརྗོད། ༈ མཚན་གྱི་མེ་ཏོག་རྒྱས་ཤིང་དག་པ་ལ། །དཔེ་བྱད་བཟང་བོའི་འབྲུ་ཆགས་མཛེས་པའི་སྐུ། །གང་གིས་མཐོང་ཐོས་དྲན་པའི་དཔལ་གྱུར་པ། །མཚན་ལེགས་ཡོངས་བསྒྲགས་དཔལ་ལ་ཕྱག་འཚལ་ལོ། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །རྒྱལ་བའི་མཚན་ཐོས་དྲན་བརྗོད་ཕྱག་མཆོད་མཐུས། །བདག་ཅག་ལ་སོགས་སེམས་ཅན་གང་དང་གང་། །ནད་རིམས་གཤེད་བྱེད་སྡིག་ཅན་གདོན་ལས་ཐར། །དབང་བོ་ཀུན་ཚང་སྡུག་བསྔལ་སྡིག་རྒྱུན་ཆད། །ངན་འགྲོར་མི་ལྟུང་ལྷ་མིའི་བདེ་བ་མྱོང་། །བཀྲེས་སྐོམ་དབུལ་ཕོངས་ཞི་ཞིང་འབྱོར་གྱུར་ཅིག །བཅིངས་དང་བརྡེག་སོགས་ལུས་ཀྱི་གདུང་བ་མེད། །སྟག་སེང་སྦྲུལ་གྱིས་འཚེ་བྲལ་འཐབ་རྩོད་ཞི། །བྱམས་པའི་སེམས་ལྡན་ཆུ་ཡིས་སྐྲག་རྣམས་ཀྱང་། །དབུགས་ཕྱིན་འཇིགས་མེད་བདེ་བར་བརྒལ་གྱུར་ཅིག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་པདྨོ་ལས་སྐྱེས་ཡོན་ཏན་རྫོགས། །མཚན་ལེགས་ཡོངས་བསྒྲགས་ལ་སོགས་རྒྱལ་རྣམས་ཀྱི། །བཀའ་ལུང་ནོད་ཅིང་མཉེས་བར་བྱེད་གྱུར་ཅིག །

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། ། སྐྱབས་སུ་མཆིའོ།ལན་བདུན། ༈ རིན་ཆེན་ཟླ་དང་པདྨས་རབ་བརྒྱན་ཅིང་། །ཤེས་བྱ་ཀུན་ལ་མཁས་ཤིང་མཁྱེན་པ་རྒྱས། །རྒྱ་མཚོ་ལྟ་བུར་ཟབ་པའི་ཐུགས་མངའ་བ། །སྒྲ་དབྱངས་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །རྒྱལ་བའི་མཚན་ཐོས་དྲན་བརྗོད་ཕྱག་མཆོད་མཐུས། །བདག་ཅག་ལ་སོགས་སེམས་ཅན་གང་དང་གང་། །གཡེངས་རྣམས་ཆོས་འཕེལ་ལྷ་མིའི་ཚོགས་ཆོས་འབྱོར། །བཙའ་བའི་གདུང་བྲལ་རྟག་ཏུ་སྐྱེས་པར་གྱུར། །བྱང་ཆུབ་སེམས་དང་མི་འབྲལ་དགེ་ཆོས་རྒྱས། །སྒྲིབ་བྱང་ལྷ་མིའི་བདེ་བ་འཐོབ་གྱུར་ཅིག །བཤེས་བྲལ་མུན་པར་གདོན་གཙེས་འཆི་དང་དགྲ། །དགོན་པའི་གནོད་མེད་མཆོད་དང་རིམ་གྲོར་བརྩོན། །དམན་རྣམས་ཏིང་འཛིན་དྲན་སྟོབས་གཟུངས་ལྡན་ཅིང་། །ཤེས་རབ་མཆོག་ཐོབ་མེས་ཉེན་བསིལ་གྱུར་ཅིག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་པདྨོ་ལས་སྐྱེས་ཡོན་ཏན་རྫོགས། །སྒྲ་དབྱངས་རྒྱལ་པོ་ལ་སོགས་རྒྱལ་རྣམས་ཀྱི། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བ་བརྟུལ་ཞུགས་གྲུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ།ལན་བདུན། ༈ འཛམ་བུ་ཆུ་བོའི་གསེར་ལྟར་ལྷང་ངེ་བ། །ཉི་མ་སྟོང་ལས་ལྷག་པའི་གཟི་བརྗིད་འབར། །དྲི་མེད་གསེར་གྱི་མཆོད་སྡོང་ལྟ་བུའི་སྐུ། །གསེར་བཟང་དྲི་མེད་སྣང་ལ་ཕྱག་འཚལ་ལོ། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །རྒྱལ་བའི་མཚན་ཐོས་དྲན་བརྗོད་ཕྱག་མཆོད་མཐུས། །བདག་ཅག་ལ་སོགས་སེམས་ཅན་གང་དང་གང་། །ཚེ་ཐུང་རིང་འཚོ་དབུལ་རྣམས་དབང་ཕྱུག་ཚང་། །འཐབ་རྩོད་འགྱེད་པའང་བྱམས་པའི་སེམས་ལྡན་ཞིང་། །བསླབ་བྲལ་ངན་སོང་མི་ལྟུང་སྡོམ་པས་བསྡམས། །བྱང་ཆུབ་སེམས་དང་འབྲལ་བ་མེད་གྱུར་ཅིག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་པདྨོ་ལས་སྐྱེས་ཡོན་ཏན་རྫོགས། །གསེར་བཟང་དྲི་མེད་ལ་སོགས་རྒྱལ་རྣམས་ཀྱི། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ།ལན་བདུན། ༈ མྱ་ངན་འདས་ཞི་བདེ་བའི་མཆོག་བརྙེས་པ། །འགྲོ་བའི་དུག་གསུམ་སྡུག་བསྔལ་ཞི་མཛད་ཅིང་། །འགྲོ་དྲུག་མགོན་དང་དཔལ་དུ་གྱུར་པ་ཡི། །མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །རྒྱལ་བའི་མཚན་ཐོས་དྲན་བརྗོད་ཕྱག་མཆོད་མཐུས། །བདག་ཅག་ལ་སོགས་སེམས་ཅན་གང་དང་གང་། །མྱ་ངན་སོགས་ཞི་མི་འབྲལ་ཚེ་རིང་བདེ། །དམྱལ་བར་རྒྱལ་བའི་འོད་ཀྱིས་བདེ་དགའ་རྒྱས། །མདངས་ལྡན་མཛེས་འབྱོར་འབྱུང་བོས་མི་འཚེ་ཞིང་། །ཕན་ཚུན་བྱམས་ལྡན་ནད་རྣམས་མེད་གྱུར་ཅིག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་པདྨོ་ལས་སྐྱེས་ཡོན་ཏན་རྫོགས། །མྱ་ངན་མེད་མཆོག་ལ་སོགས་རྒྱལ་རྣམས་ཀྱི། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། ། མཆོད་དོ། ། སྐྱབས་སུ་མཆིའོ།ལན་བདུན། ༈ ཆོས་སྒྲ་ཆེན་པོས་ཕ་རོལ་རྒོལ་བ་འཇོམས། །རྒྱ་མཚོ་ལྟ་བུར་ཟབ་པའི་གསུང་མངའ་ཞིང་། །འགྲོ་བའི་སྡུག་བསྔལ་མ་ལུས་ཞི་མཛད་པ། །ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །རྒྱལ་བའི་མཚན་ཐོས་དྲན་བརྗོད་ཕྱག་མཆོད་མཐུས། །བདག་ཅག་ལ་སོགས་སེམས་ཅན་གང་དང་གང་། །རྟག་ཏུ་ཡང་དག་ལྟ་དང་དད་ལྡན་ཞིང་། །ཆོས་ཀྱི་སྒྲ་ཐོས་བྱང་ཆུབ་སེམས་ཀྱིས་ཕྱུག ། ལོངས་སྤྱོད་སླད་དུ་སྡིག་སྤངས་འབྱོར་བ་འཕེལ། །བྱམས་གནས་ཚེ་རིང་ཆོག་ཤེས་ཉིད་གྱུར་ཅིག ། འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་པདྨོ་ལས་སྐྱེས་ཡོན་ཏན་རྫོགས། །ཆོས་བསྒྲགས་རྒྱ་མཚོ་ལ་སོགས་རྒྱལ་རྣམས་ཀྱི། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོའི་མཆོག་གི་བློས་རྣམ་པར་རོལ་བ་མངོན་པར་མཁྱེན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ།ལན་བདུན། ༈ ཆོས་ཀྱི་བློ་གྲོས་གཏིང་དཔག་དཀའ་བའི་ཐུགས། །རྣམ་དག་ཆོས་ཀྱི་དབྱིངས་ལ་རོལ་མཛད་ཅིང་། །ཤེས་བྱ་མ་ལུས་མངོན་སུམ་གཟིགས་པ་པོ། །མངོན་མཁྱེན་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །རྒྱལ་བའི་མཚན་ཐོས་དྲན་བརྗོད་ཕྱག་མཆོད་མཐུས། །བདག་ཅག་ལ་སོགས་སེམས་ཅན་གང་དང་གང་། །གཡེངས་རྣམས་གནོད་སེམས་མེད་ཅིང་ཚོགས་ཆོས་འབྱོར། །ངན་སོང་ལམ་ངན་ཞུགས་རྣམས་དགེ་བཅུ་ཐོབ། །གཞན་དབང་གྱུར་རྣམས་རང་དབང་ཕུན་ཚོགས་ཤིང་། །ཀུན་ཀྱང་ཚེ་རིང་མཚན་ཐོས་དགེ་གྱུར་ཅིག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་པདྨོ་ལས་སྐྱེས་ཡོན་ཏན་རྫོགས། །མངོན་མཁྱེན་རྒྱལ་པོ་ལ་སོགས་རྒྱལ་རྣམས་ཀྱི། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། མཆོད་དོ། ། སྐྱབས་སུ་མཆིའོ།ལན་བདུན། ༈ ཐུགས་རྗེས་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །རྒྱལ་བའི་མཚན་ཐོས་དྲན་བརྗོད་ཕྱག་མཆོད་མཐུས། །བདག་ཅག་ལ་སོགས་སེམས་ཅན་གང་དང་གང་། །མཚན་དཔེས་མཛེས་ཤིང་འགྲོ་ཀུན་བདག་འདྲར་གྱུར། །འོད་ཀྱིས་མུན་སེལ་ཤེས་རབ་ཐབས་མཁས་ཀྱིས། །ལོངས་སྤྱོད་མི་ཟད་ལམ་ལོག་དམན་མོས་རྣམས། །ཐེག་ཆེན་ལམ་ཞུགས་སྡོམ་པས་མཛེས་གྱུར་ཅིག། །ཚུལ་འཆལ་གདུང་བྲལ་དབང་བོ་ཀུན་ཚང་ཞིང་། །ནད་མེད་ཡོ་བྱད་འཕེལ་ཞིང་བུད་མེད་ཀྱི། །དངོས་པོས་སྐྱོ་རྣམས་རྟག་ཏུ་སྐྱེས་དབང་ལྡན། །བདུད་ཞགས་ལྟ་བ་ངན་ལས་གྲོལ་གྱུར་ཅིག ། རྒྱལ་པོས་མནར་རྣམས་བདེ་ཞིང་བཀྲེས་པའི་རྒྱུས། །སྡིག་པས་འཚོ་རྣམས་ཆོས་འབྱོར་ཟས་ཀྱིས་ཚིམ། །ཚ་གྲང་ངལ་ཞི་བསམ་པ་ཡོངས་རྫོགས་ཤིང་། །འཕགས་པ་དགྱེས་པའི་ཚུལ་ལྡན་གྲོལ་གྱུར་ཅིག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་པདྨོ་ལས་སྐྱེས་ཡོན་ཏན་རྫོགས། །སྨན་པའི་རྒྱལ་པོ་ལ་སོགས་རྒྱལ་རྣམས་ཀྱི། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །

སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ། ། སྐྱབས་སུ་མཆིའོ། ལན་བདུན། ༈ ཐབས་མཁས་ཐུགས་རྗེའི་ཤཱཀྱའི་རིགས་འཁྲུངས་ཤིང་། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། ། སྟོན་པ་མཆོག་དེས་མདོ་སྡེའི་ཆོ་ག་ལས། །ཇི་ལྟར་གསུངས་པའི་ཕན་ཡོན་མ་ལུས་པ། །བདག་ཅག་མགོན་མེད་འགྲོ་བ་མཐའ་དག་གིས། །དེང་འདིར་འཕྲལ་དུ་ཐོབ་པར་བྱིན་གྱིས་རློབས། །

མ་རིག་མུན་སེལ་སྒྲོན་མེ་མཆོག། །སྡུག་བསྔལ་ནད་སེལ་སྨན་གྱི་ཕུལ། ། དམ་ཆོས་དཀོན་མཆོག་ཐམས་ཅད་ལ། །ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆི། ལན་བདུན། ༈ དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །དམ་ཆོས་དཀོན་མཆོག་བདེན་པའི་བྱིན་རླབས་ཀྱིས། །བདག་སོགས་དེང་ནས་ཚེ་རབས་ཐམས་ཅད་དུ། །རྒྱལ་བ་ཀུན་གྱི་དམ་ཆོས་མ་ལུས་པ། །རྒྱལ་བའི་དགོངས་པ་ཇི་བཞིན་འགྲུབ་གྱུར་ཅིག །འཇམ་དཔལ་སྐྱབས་གྲོལ་ཕྱག་ན་རྡོ་རྗེ་སོགས། །བདེ་གཤེགས་སྲས་པོ་སུམ་ཁྲི་དྲུག་སྟོང་གིས། །རྒྱལ་བའི་ཐུགས་དམ་བསྐུལ་ཞིང་གླེང་བསླངས་ནས། །མདོ་སྡེའི་ཕན་ཡོན་ཇི་སྐད་གསུངས་པ་རྣམས། །དེང་འདིར་བདག་ལ་མངོན་དུ་འགྱུར་བར་མཛོད། །འཇིག་རྟེན་སྐྱོང་བ་སྡེ་དཔོན་བཅས་པས་ཀྱང་། །སྔོན་ཚེ་སྟོན་པའི་སྤྱན་སྔར་ཞལ་བཞེས་བཞིན། །དགྲ་དང་གནོད་པ་ནད་རིམས་བཟློག་པ་དང་། །འཐབ་རྩོད་ཀུན་ཞི་ལུས་སེམས་བདེ་བ་རྒྱས། །ལོངས་སྤྱོད་དབང་ཕྱུག་ནོར་འབྲུ་ཚེ་འཕེལ་ཞིང་། །བསམ་པའི་དོན་རྣམས་ཡིད་བཞིན་འགྲུབ་པ་དང་། །རྟག་ཏུ་བསྲུང་སྐྱོབ་གཡེལ་བ་མེད་པར་མཛོད།

ༀ་ན་མོ་བྷ་ག་ཝ་ཏེ། །བྷེེ་ཥ་ཛྱེ་གུ་རུ་བེེཌཱུརྱ་པྲ་བྷ་རཱ་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷཏེ་སཾམྱཀྶ་བུདྡྷ་ཡ། ཏདྱ་ཐཱ། ༀ་བྷེེ་ཥ་ཛྱེ་བྷེེ་ཥ་ཛྱེ། མ་ཧཱ་བྷེེ་ཥ་ཛྱེ་བྷེེ་ཥ་ཛྱེ་རཱ་ཛ་ས་མུངྒ་ཏེ་སྭཱ་ཧཱ། ཞེས་གཟུངས་རིང་ངམ། ཡང་ན། ཏདྱ་ཐ། ༀ་བྷེེ་ཥ་ཛྱེ་བྷེེ་ཥ་ཛྱེ། མ་ཧཱ་བྷེེ་ཥ་ཛྱེ་བྷེེ་ཥ་ཛྱེ་རཱ་ཛ་ས་མུངྒ་ཏེ་སྭཱ་ཧཱ། ओं भैषज्ये भैषज्ये महाभैषज्यसमुद्गते स्वाहा |ཞེས་གཟུངས་ཐུང་ཅི་མང་བཟླ་བར་བྱའོ།

༈མཇུག་ཏུ། བཀའ་དྲིན་མཉམ་མེད་ནས་བྱང་ཆུབ་ཆེན་པོར་བསྔོ། །མ་འབྱོར་བ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི །བགྱིས་པ་དང་ནི་བགྱིད་སྩལ་གང་།དེ་ཡང་བཟོད་པར་མཛད་དུ་གསོལ་། །དུས་ངན་སེམས་ཅན་བསོད་ནམས་དམན། །མ་རིག་ཉོན་མོངས་དང་འདྲེས་པས། །འཕགས་པའི་ཐུགས་དགོངས་མ་རྫོགས་པ། །དེ་ཡང་བཟོད་པར་མཛད་དུ་གསོལ། །སེར་སྣའི་དབང་གྱུར་མི་མཁས་པས། །མཆོད་པ་ངན་ཞིང་བཤམས་མཉེས་པ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པས། །དེ་ཡང་བཟོད་པར་མཛད་དུ་གསོལ། །བག་མེད་སྤྱོད་པ་མ་དག་པས། །མདོ་ལས་བྱུང་བའི་ཆོ་ག་བཞིན། །མ་ལྕོགས་འཁྲུལ་བ་ཅི་མཆིས་པ། །དེ་ཡང་བཟོད་པར་མཛད་དུ་གསོལ། །ལྷག་པ་དང་ནི་ཆད་པ་དང་། །ཆོ་གའི་ཡན་ལག་ཉམས་པ་དང་། །བདག་གིས་བརྗེད་ངས་ཅི་མཆིས་པ། །དེ་ཡང་བཟོད་པ་མཛད་དུ་གསོལ། །ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། ། རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། ། སླར་ཡང་ཐུགས་རྗེས་འབྱོན་པར་མཛོད། །མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་བདག་ཅག་དང་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ལེགས་ཀྱིས། ། སོ་སོའི་ཞིང་ཁམས་སུ་རྫུ་འཕྲུལ་གྱིས་འཁོར་དང་བཅས་པ་གཤེགས་སུ་གསོལ་ལོ། ། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཞེས་སོགས་ཤོ་ལོ་ག་གཉིས། དགེ་བ་འདི་ཡིས་མྱུར་དུ་བདག།སོགས་དང་། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། ། སོགས་བརྗོད། རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་། ། རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། །བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། ། རྣམ་དག་སྨོན་པའི་གནས་ཀུན་མྱུར་འགྲུབ་ཤོག།

ཤིས་བརྗོད་ནི། ༈ སྙིགས་མའི་འགྲོ་ལ་ཐུགས་རྗེ་ཉི་མའི་འོད། །ཆེས་ཆེར་རབ་འབར་བཅོམ་ལྡན་བདེར་གཤེགས་བདུན། །སྨོན་ལམ་གསུང་བ་དོན་ཀུན་འགྲུབ་པ་སོགས། །རྫོགས་པའི་སངས་རྒྱས་རྣམས་ཀྱི་བཀྲ་ཤིས་ཤོག ། ༈ ཐོས་པ་ཙམ་གྱིས་སྲིད་ཞིའི་སྡུག་བསྔལ་ལས། །རྣམ་པར་སྒྲོལ་ནུས་ཟབ་དང་རྒྱ་ཆེ་བའི། །སྙིང་པོ་སྨན་གྱི་མདོ་སྡེ་བརྒྱད་བརྒྱ་བ། །གསུང་མཆོག་དམ་པའི་ཆོས་ཀྱི་བཀྲ་ཤིས་ཤོག ། ༈ ཞུ་གསོལ་སྲུང་སྐྱོབ་མཛད་པའི་སེམས་དཔའ་ཆེ། །ཉན་ཐོས་ཕྱོགས་སྐྱོང་གནོད་སྦྱིན་སྡེ་དཔོན་སོགས། ། ཆོས་འདི་ཡུན་དུ་འཕེལ་ཞིང་གནས་བྱེད་པའི། ། དགེ་འདུན་འདུས་པའི་ཚོགས་ཀྱི་བཀྲ་ཤིས་ཤོག ། ༈ བསླབ་པ་གསུམ་ལྡན་ངུར་སྨྲིག་འཛིན་པ་ཡི། །འདུས་པའི་ཚོགས་ཀྱིས་གནས་འདིར་ཡོངས་བཀང་ཞིང་། །རྟག་ཏུ་བཤད་སྒྲུབ་བྱ་བས་སྲིད་མཐའི་བར། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག། །།

༄༅། །སྨན་བླའི་རྒྱུན་ཁྱེར་བཞུགས་སོ།།

ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར་བཅོམ་ལྡན་འདས་སྨན་བླ་བསྒོམ་པར་འདོད་པས།

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །

བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །

ཞེས་སྐྱབས་སེམས་ཅི་ནུས་དང་། སྤྲོ་ན་ཚད་མེད་བཞི་བསྒོམ།

སྟོང་པའི་ངང་ལས་སྐད་ཅིག་གིས། །

རང་གི་སྤྱི་བོར་པད་ཟླའི་སྟེང་། །

བླ་མ་སྨན་པའི་རྒྱལ་པོ་མཐིང་། །

ཕྱག་གཡས་མཆོག་སྦྱིན་ཨ་རུ་ར། །

གཡོན་པས་མཉམ་བཞག་ལྷུང་བཟེད་ནི། །

བདུད་རྩི་སྨན་གྱི་བཀང་བ་བསྣམས། །

མཚན་དཔེའི་གཟི་བྱིན་འོད་དུ་འབར། །

ཆོས་གོས་གསུམ་སྐྱིལ་ཀྲུང་བཞུགས། །

སྐྱབས་ཀུན་འདུས་པའི་ངོ་བོར་གྱུར། །

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།

མཆོད་དོ་སྐྱབས་སུ་མཆིའོ། །

བདག་དང་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིད་སྒྲིབ་ཐམས་ཅད་བྱང་ཞིང་དག་པ་དང་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ།

ཞེས་ལན་གསུམ་བཟླ།

དེ་ནས་གཟུངས་རིང་ཐུང་གང་རུང་ལ།

ཨོཾ་ན་མོ་བྷ་ག་ཝ་ཏེ་བྷེ་ཥ་ཛྱཻ་གུ་རུ་བེ་ཌཱུརྱ་པྲ་བྷ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨཱརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བྷེ་ཥ་ཛྱཻ་བྷེ་ཥ་ཛྱཻ་མ་ཧཱ་བྷེ་ཥ་ཛྱཻ་རཱ་ཛ་ས་མུདྒ་ཏེ་སྭཱ་ཧཱ༔

ཞེས་བརྒྱ་སོགས་ཅི་ནུས་མཐར།

བཅོམ་ལྡན་འདས་འོད་ཞུ་རང་ལ་ཐིམ། །

ནད་གདོན་སྡིག་སྒྲིབ་ཀུན་བྱང་གྱུར། །

དགེ་བ་འདི་ཡིས་མྱུར་དུ་བདག །

སྨན་པའི་རྒྱལ་པོ་འགྲུབ་གྱུར་ནས། །

འགྲོ་བ་གཅིག་ཀྱང་མ་ལུས་པ། །

དེ་ཡིས་ས་ལ་འགོད་པར་ཤོག །

སོགས་བསྔོ་སྨོན་བྱའོ།།

ཞེས་འཇམ་དབྱང་མཁྱེན་བརྩེའི་རིན་པོ་ཆེས་མཛད་པ་འདི་ཉིད་བྱིན་རླབས་ཀྱི་ཚན་ཁ་མཆོག་ཏུ་ཆེ་བས་ཀུན་གྱི་ཉམས་བཞེས་སུ་གྱུར་པ་དགེ་ལེགས་འཕེལ།། དགེའོ།། དགེའོ།། དགེའོ།།

喜欢

or